Monday, March 30, 2020

བརྗེད་ཐབས་མེད་པའི་སློབ་དཔོན་གྱི་ཉིནམ།



         དབྱིན་ཟླ་༥ པའི་དབྱིན་ཚེས་༢ ལུ་ འབྲུག་རྒྱལ་ཁབ་ཀྱི་སློབ་གྲྭ་ཆེ་ཆུང་མེད་པར་ སློབ་དཔོན་གྱི་ཉིནམ་བརྩི་སྲུང་ཞུ་ནི་ཡོད་དོ་བཟུམ་སྦེ་ སྤྱི་ལོ་༢༠༡༠གྱི་ལོའི་སློབ་དཔོན་གྱི་ཉིནམ་འདི་ ང་བཅས་དུང་རྩེ་སློབ་གྲྭ་ནང་ལུ་ཡང་ རྒྱས་ཤིང་རྒྱསཔ་འབད་བརྩི་སྲུང་འབད་ནིའི་ བཅའ་སྒྲིག་རྐྱབ་མ་ཚད་ ལས་རིམ་འདི་མ་བཏུབ་བཏུབ་འབད་ར་འགྱོ་དོ། ག་ཅི་འབད་ཟེརན་ ང་བཅས་ཀྱི་སློབ་གྲྭ་འདི་ནང་ཡོད་པའི་སློབ་ཕྲུག་ཚུ་ག་ར་ལུ་ དད་པ་དང་དམ་ཚིག་འགྱུར་བ་མེད་པ་ཡོདཔ་མ་ཚད་ སློབ་དཔོན་ཚུ་ཡང་ སྐུ་ན་གཞོནམ་ཙང་ཙ་འབདཝ་ལས་ ལས་རིམ་ག་ཅི་ན་ར་འབད་རུང་ ཧུར་ཐག་འབག་ཐག་འབད་ བཅའ་མར་གཏོགས་དོ་ཡོདཔ་ལས་བརྟེན་ཨིན།

དེ་ཚེ་ཉིནམ་གཅིག་གི་ལས་རིམ་འདི་ སློབ་གྲྭའི་བརྟན་བཞུགས་ཐང་ནང་ དྲོ་པའི་ཐུན་བཏང་ཞིནམ་ལས་ ང་བཅས་ག་ར་སྤྱི་དོན་ཁང་ནང་འགྱོ་སྦེ་ སློབ་རིམ་སོ་སོ་གིས་ རང་ལུགས་ཀྱི་ལས་རིམ་སྣ་ཚོགས་སྤྱན་འབུལ་ཞུཝ་ལས་ ངེ་གི་སེམས་ཡང་ ལས་རིམ་འདི་གི་ཤུལ་ལུ་ དེ་ལས་སྤྲོ་བ་ཆེ་ཏོག་ཏོ་ག་ཅི་བཟུམ་ཅིག་ཕུལ་འོང་ག? ཟེར་བའི་དྲི་བ་བཀོད་ཅི་ར་ ལྟདམོ་འདྲ་མི་འདྲ་ལུ་ཡེངས་སྡོད་པའི་བར་ན། ལས་རིམ་འགོ་འདྲེན་པ་གིས་ སློབ་དཔོན་ག་ར་དང་ སློབ་ཕྲུག་སྤྲོ་བ་ཡོད་མི་ཚུ་གཅིག་ཁར་འབད་ རིག་གསར་གྱི་ཞབས་ཁྲ་ནང་བཅའ་མར་གཏོགས་ཟེར་སླབ་ལས། ང་ཡང་ སྤྲོ་བའི་སེམས་འདི་གིས་ཁྱིད་དེ་ ཆ་རོགས་ཚུ་གི་གྱལ་ཁར་འཛུལ་སྦེ་ ཞབས་ཁྲ་རྐྱབ་སྡོད་པའི་བསྒང་ར་ དུས་ཨ་རྟག་ར་ང་ལུ་བྱུང་ཡོད་པའི་ སེམས་ཀྱི་ནད་གཞི། རོགས་མི་གཞན་སྤྲོ་སྟོན། སེམས་བག་ཕེབས་སྡོདཔ་ད་ ངེ་སེམས་གདིང་ལས་སྐྱོ་བ་བྱུང་ནི་འདི་ འགོ་བཙུགསཔ་ལས་ ང་ར་རྐྱངམ་ཅིག་ཟུར་ཅིག་ཁར་ རྐང་ཁྲི་གུ་སྡོད་སྦེ་ མིག་ཏོ་གིས་ སློབ་དཔོན་དང་སློབ་ཕྲུག་ཚུ་སྒྱིམ་ ན་ཟུག་ཅན་གྱི་སེམས་འདི་ ལོ་ཧེ་མ་དགའ་ལྡན་སློབ་གྲྭ་ན་ སློབ་དཔོན་གྱི་ཉིནམ་བརྩི་སྲུང་ཞུ་ཡི་བསྒང་འབད་ཡི་ལཱ་ཚུ་ ཁྲ་ལམ་ལམ་དྲན་ནི་འགོ་བཙུགས་ཅི།

ང་མི་འཛོམས་པའི་སྦུག་ལུ་འཐོན་ནིའི་སྤོབས་ཆེནམོ་ཅིག་ར་མེདཔ་ལས་ སྤྱི་དོན་ཁང་གི་ཟུར་ཁ་ལས་ ག་ནི་བས་ཁག་ཆེ་བའི་ལས་རིམ་ཚུ་ བལྟ་སྡོད་པའི་བར་ན་རང་། སློབ་རིམ་བཅུ་པ་ཉ་སྡེ་གིས་ ཞབས་ཁྲ༼སྡོད་གནང་མས༽ ཟེར་མི་འདི་ སྤྱན་འབུལ་ཞུ་ནི་འགོ་བཙུགསཔ་ཅིག་ ངེ་སེམས་འདི་གིས་ ཧེ་མ་རྩ་ལས་ར་འབད་མ་མྱོང་པའི་འབད་བཞག་ འཚབ་འཚུབ་གཏང་ མི་གི་གྲལ་ལས་མི་སེལ་ཏེ་ དཀྱིས་ར་སྔོ་ཤོམ་གྱོན། དེ་གུ་འོན་འཇུ་སྔོ་དཀར་དང་ དེ་གི་ཕྱི་ལས་སྟོད་གོ་ཧོནམོ་གྱོན་ཏེ་ མེ་ཏོག་ཨུད་པལ་ཤར་ཤརཝ་བཟུམ་འདི་ལུ་ མིག་ཏོ་ཡང་འཁྱབ་ཤོལ་ཏེ་ བལྟ་སྡོད་སྡོདཔ་ན་ར་ ཁོང་གི་ཞབས་ཁྲ་དེ་མཇུག་བསྡུཝ་ལས་ དབང་ཆེ་བའི་སེམས་འདི་གིས་ ཤ་ཁྲག་གི་གཟུགས་འདི་བང་བཙོང་ཁྱིད་དེ་ སྤྱི་དོན་ཁང་གི་གཡས་ཁ་ཐུག་གི་སྒོའི་རྩ་བར་ལྷོདཔ་ད་ མོ་དང་ཕྱདཔ་ཅིག “ཨ་ཞེམོ་ ཁྱོད་ཀྱིས་ ཞབས་ཁྲ་གནམ་མེད་ས་མེད་ལེགས་ཤོམ་འབད་ རྐྱབ་མས་སྨ་རེ་” ཟེར་ཤོར་སོང་ཡི།

ང་གིས་མོ་ལུ་ཨ་ཞེམོ་ཟེར་མ་སླབ་པ་ ལོ་ག་སྦོམ་རུང་ ང་སློབ་རིམ་དགུ་པ་དང་ མོ་བཅུ་པ་ནང་སློབ་སྦྱོང་འབད་མི་ཅིག་ཨིནམ་ལས་ སླབ་དགོཔ་ཐལ་སོང་ཡི། དེ་ལས་ མོ་གི་ཞལ་འཛུམ་འཇའ་ཆི་ཆི་དེ་ལས་ བཀའ་དྲིན་ཆེ། ཁྱོད་ཞབས་ཁྲ་རྐྱབ་ནི་མེད་ག? ཟེར་དྲིཝ་ད་ ངནི་མོ་བཟུམ་གྱི་མི་དང་ཆ་ བློ་སླབ་ནི་ཕར་བཞག་ མིག་ཏོ་གིས་ར་བལྟ་བལྟ་བའི་ཉམས་མྱོང་ཅིག་ར་མེདཔ་ལས་ ཡུདཔ་ཐེང་ཅིག་ཧམ་ལུས་པའི་བར་ན་ མོནི་ཆ་རོགས་ཚུ་དང་གཅིག་ཁར་ གོ་ལ་སོར་སའི་ཁྱིམ་ན་ཐལ་སོ་ཡི།

དེ་ལས་ཉི་མ་ཆུ་ཚོད་ཕྱེད་དང་གཉིས་ལུ་ སློབ་ཕྲུག་ཚུ་ལྟོ་ཟཝ་ད་ ང་དང་མོ་གྱལ་ཅིག་ཁར་ཚུདཔ་ལས་ ང་གིས་མོ་གི་མིང་དྲིཝ་ད་ པདྨ་དབྱངས་ཅན་ཟེར་གོཝ་ཅིག་ ངེ་གི་སེམས་ལུ་ བུམོ་ཨུད་པལ་བཟུམ་ལུ་ མིང་པདྨ་ཟེར་ག་ཅི་འབད་བཏགས་ཅི་ག་སྨོ? འེང་ ག་དེ་ཅིག་འབད་མོ་ལུ་ སྟོད་གོ་དམརཔོ་ཅིག་གྱོན་པ་ཅིན་ མེ་ཏོག་པདྨ་ཡང་ ཨ་ནི་བུམོ་འདི་གིས་ ང་ལུ་དེ་ཚུན་ཚོད་འགྲན་ཟླ་འབད་དེ་ཟེར་ ཙིགཔ་ཟ་ནི་བཟུམ་འདུག་ཟེར་ཤརཝ་ད་གཅིག་ཁར་ ང་བཅས་གཉིས་སོ་སོའི་སྐོར་ལས་སླབ་སྟེ་ ཧ་ལམ་སློབ་ཕྲུག་གཞན་ག་ར་འགྱོ་མ་ཚར་ཚུན་ཚོད་སྡོད་སྦེ་ མཇུག་ར་ ནངས་པ་ལས་དུས་ཚོད་སྟོངམ་འཐོན་ད་འཕྱད་ནིའི་ དུས་སྟབས་བཟོ་ཞིནམ་ལས་ཁ་བྱལ་ཡི།

དུས་དེ་ལས་འགོ་བཟུང་ ང་བཅས་གཉིས་ གཅིག་གིས་གཅིག་ལུ་དགའ་ཟེར་བའི་གཏམ་ཅིག་ར་མ་སླབ་པར་ མི་ཚེ་གཅིག་གི་གཏན་གྲོགས་ལས་ལྷག་པའི་བརྩེ་གདུང་བསྐྱེད་དེ་ ཟླ་ངོ་གསུམ་སྡོད་ཅི། བསོད་ནམས་མེད་པའི་དཔྱལ་བར་སྤུ་མི་སྐྱེ།།སྐྱེ་ར་སྐྱེ་རུ་ཐར་ཐོར་ཅིག།ཟེར་དོ་བཟུམ་ ངེ་གི་ཨ་པ་འདི་ གཞུང་གིས་བཀྲ་ཤིས་སྒང་ཕོངས་མེད་ལུ་གནས་སོར་བཏངམ་ལས་ ང་མོ་ལུ་འགྱོ་ནི་གི་ལོ་རྒྱུས་ཅིག་ར་སླབ་མ་ཚུགས་པར་ ཁ་བྱལ་འོང་དགོཔ་ཐོན་སོང་ཡི།

ངེ་གི་བརྩེ་གདུང་ཡོད་ཚད་མེད་ཚད་བདག་འཛིན་འབད་མི་ པདྨ་དབྱངས་ཅན་འདི་ ད་རིས་ སློབ་གྲྭ་ཆེ་བ་ཅིག་ན་ སློབ་དཔོན་གྱི་ཉིནམ་བརྩི་སྲུང་ཞུ་དོ་འོང་ག? ཡངན་སློབ་རིམ་བཅུ་པ་ལས་མཐར་མ་འཁྱོལ་བ་ བསོད་ནམས་ཅན་གྱི་སྟག་ཤར་གཅིག་གི་ཉི་མའི་ལྟོ་འབད་དོ་འོང་ག? ཟེར་བའི་དྲི་བའི་ལན་འཚོལ་བའི་བར་ན་རང་ ལས་རིམ་གོ་རིམ་སྒྲིག་མི་སངས་རྒྱས་བསྟན་འཛིན་གྱིས་ “ད་བཅས་ཀྱི་ལས་རིམ་མཇུག་ར་ བཀྲ་ཤིས་ལེགས་དཔལ་ཕུལ་ནི་ཨིནམ་ལས་ ག་ར་བཅའ་མར་གཏོགས་གནང་” ཟེར་སླབ་ས་གོཝ་ལས་ ང་ཡང་མིག་ཏོ་ལུ་མིག་ཆུ་གང་ སེམས་ཁ་ལུ་པདྨ་དབྱངས་ཅན་གྱི་ཞལ་འཛུམ་དྲན་ཡི་ར་ བཀྲ་ཤིས་ལེགས་དཔལ་ན་བཅའ་མར་གཏོགས་ཅི་གོ།།   །།

Saturday, March 21, 2020

ཁྱོད་དང་ལོག་ཕྱད་དེ་དགའ་ཡི།

༉ ཁྱོད་དང་ཁ་བྱལ་ཏེ་ལོ་ལེ་ཤ་སོང་ཡི། ང་གིས་ཁྱོད་ལག་ལེན་འཐབ་དགོ་མ་མནོ་བ་བཞག་བཞགཔ་ཡང་མེན། ཁྱོད་ལས་ཡོན་ཏན་མ་ཐོབ་པ་བཞག་བཞགཔ་ཡང་མེན། མི་ང་རའི་སེམས་ལུ།འདྲེ་འཛུལ་ཏེ་ཁྱོད་དང་འཕྱད་ནིའི་དུས་སྟབས་བཟོ་ར་མ་ཚུགས་པ་ལུས་ལུསཔ་ཨིན།

ད་རེས་ནངས་པ་འཛམ་གླིང་གི་མི་ག་ར་གི་སེམས་ཁར་ ཀོ་ཝིཊ་༡༩གིས་ ཚད་མེད་པའི་ན་ཟུག་སྐྱེལ་བ་གིས་མ་ཚད་ མི་གྲངས་སྟོང་ཕྲག་ལས་བཅད་དེ་ སྲོག་བཅད་པའི་ནམ་དུས་ལུ་ ང་གིས་ཁྱོད་ལས་གྲོགས་རམ་ལེན་ཏེ་ རང་དང་འབྲེལ་བའི་ཆ་རོགས་ཚུ་ འབྲེལ་བ་དམ་ཟབ་བཞག་ནིའི་རེ་བ་བསྐྱེད་ཅི།
ཆོས་ཀྱི་ནང་ལས་ སྙིགས་མ་ལྔ་བདོའི་དུས་ཟེར་ དུས ཚོད་ངན་པ་མི་རབས་ངན་པ་ ཟས་ངན་གོས་ངན་འབད་རྩིས་རུང་ ངེ་གི་སེམས་ལུ་དེ་ཅིག་ངེས་ཤེས་འདྲོངས་མ་ཚུགས། ད་རེས་བལྟཝ་ད་ཁས་ལེན་མ་འབད་བ་ཐབས་ཡང་མིན་འདུག། ནད་གཞི་གདུག་ཅན་དེ་ངོ་མ་འབད་ཐོབ་པ་ཅིན་ཕར་བཞག་ ཁོ་གི་མིང་གོཝ་ཅིག་ར་ཧིང་ཁར་ཆུ་བླུག་དཔ་བཟུམ་སྦེ་བློ་ཁོལ་སི་སི་འབདཝ་མས།

ནད་གཞི་ཁྱོད་ཀྱི་སྐོར་ལས་ སླབ་ནི་བྲི་ནི་འདི་སྤྲོ་བ་སྦོམ་ཅིག་མེད་རུང་ ད་ལས་ཕར་ ཁྱོད་ཀྱི་གནས་སྟངས་དང་འཁྲིལ་ ཁྱོད་ཀྱི་འབད་བཞག་ག་ར་ཕྱི་གསལ་ནང་གསལ་སྦེ་ཡིག་ཐོག་བཀོད་ནིའི་འཆར་གཞི་བརྩམས་ཚར་ཡི་ལགས།
ངེ་གི་འཆར་གཞི་ལུ་འགྲུབ་ནིའི་གྲོགས་རམ་འདི་ མི་སྡེའི་བརྡ་བརྒྱུད་ཁྱོད་ཀྱི་རྩ་འགེངས་པའི་རེ་བ་སྦོམ་འབད་བསྐྱེད་དེ་ ད་རིས་ལོག་ཁྱོད་དང་འཕྱད་པ་འོང་ཡི་ལགས། 

Sunday, January 18, 2015

འགྲན་སྡུར།

ད་རེ་ནངས་པའི་དུས་ཚོད་འདི་ འགྲན་སྡུར་གྱི་དུས་ཚོད་ཅིག་
ཨིན་ཟེར་བ་ཅིན་ ཧ་ལམ་ག་ར་གིས་ངོས་ལེན་འབདཝ་ཨིན། འགྲན་སྡུར་འབད་དགོཔ་ངེས་བདེན་ལེ་ཤ་ཅིག་ བཞག་ཞིནམ་
ལས་ འགྲན་མི་དགོ་པའི་རིགས་ ངོ་རིས་ གཟུགས་ཤིང་ རྒྱན་ཆ་སོགས་ཀྱི་ཐད་ ག་ཅི་འབད་འགྲན་སྡུར་འབདཝ་ཨིན་
ན?

Friday, July 25, 2014

བརྒྱུད་འཛིན་གྱི་རྒྱལ་པོར་བསྟོད་པ་སེམས་ཀྱི་རང་མདངས།

༣ འབྲུག་ཡུལ་གྱི། །རྒྱལ་ཁབ་ནང་།  །ཆོས་ལྡན་གྱི། །རྒྱལ་པོ་བཞུགས། །

༤ བརྒྱུད་འཛིན་གསེར་ཁྲི། །ལྔ་པར་བྱོན་པའི། །མི་དབང་གེ་སར། །རྣམ་རྒྱལ་དབང་ཕྱུག །

༥ འབྲུག་པའི་མི་སེར་ཚུ། །ཁ་རྗེ་བཟངམོ་ལས་བརྟེན། །རྒྱལ་ཁབ་མཐའ་དབུས་མེདཔ། །ཞབས་ཀྱིས་བཅགས་ཏེ་གནང་། །

༦ འབྲུག་རྒྱལ་བཞི་པའི་ཐུགས་གཏེར། །རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས། །
   འཛམ་གླིང་ཡོངས་ལུ་ཁྱབ་པའི། །མཛད་འཕྲིན་རྒྱས་པ་ལེགས་སོ། །

༧ འབྱུང་བ་བཞི་ཡི་རྐྱེན་ངན་གྱིས། །སྡུག་བསྔལ་མྱོང་པའི་མི་སེར་ཚུ། །
   སྔར་ལས་ལྷག་པའི་གཞིས་ཁྱིམ་དང་། །བཅས་པའི་སེམས་གསོ་གནང་བར་མཛད། །

Thursday, July 24, 2014

མི་དབང་རྒྱལ་བཙུན་གཉིས་ལུ་བསྟོད་པ།

ཐབས་མཆོག་འཇིགས་མེད་རྒྱ་མཚོ་ཆེན་པོའི་ངོགས། །
ཆོས་སྲིད་ལུགས་གཉིས་གེ་སར་རྣམ་པར་རྒྱལ། །
ཙན་དན་ལྗོངས་སུ་འཁོར་ལོས་དབང་ཕྱུག་དུས། །
ཤེས་རབ་རིན་ཆེན་བརྙེས་པའི་དུས་བཟང་ཤར། །

སྔོན་སྨོན་འབུམ་གྱིས་བལྟམས་པའི་རྗེ་བཙུན་མ། །
པདྨའི་མདངས་ཀྱིས་ཡོངས་འཁྱུད་དབང་ཕྱུག་མ། །
ཁབ་ཏུ་བཞེས་པའི་རྟེན་འབྲེལ་ཕུན་ཚོགས་ལ། །
བློན་འབངས་བཀྲ་ཤིས་བདེ་ལེགས་གུས་བཏུད་ཞུ། །

གུས་རྩོམ་དེ་ རྒྱལ་བཙུན་ཁབ་ཏུ་བཞེས་པའི་རྟེན་འབྲེལ་ལུ་ དུང་རྩེ་སློབ་གྲྭ་ལས་ སྐུ་པར་ཕུལ་མི་ལུ་ བྲིས་ཡོདཔ་ཨིན།

ཞབས་ཁྲའི་ཚིག།

༡  ཕུན་ཚོགས་ཉམས་དགའ་སྐྱེད་ཚལ་ནང་། །མེ་ཏོག་མཛེས་པའི་ཟེའུ་འབྲུ་ལས། །
   འཛག་པའི་སྦྲང་རྩི་མངར་བའི་རོས། །བུང་བའི་གཤོག་སྒྲོ་རྒྱས་ཞིནམ་ལས། །
                   ཕྱོགས་བཞིར་འཕུར་བའི་ལྟད་མོ་ཆེ། །

ལྡུམ་ར་མེ་ཏོག་སེར་སྤྱང་གསུམ། །ཕུན་སུམ་ཚོགས་པའི་སྐྱིད་ཉམས་སྐྱོང་། ། ༢

༢ རྩ་ཆུ་འཛོམས་པ་སྤང་ཐང་ལུ། །སྙིང་རྗེ་ཅན་གྱི༌ཤཝ༌མོ༌ལས། །
   དཀར་བའི་འོ་མའི་བདུད་རྩི་གིས། །ཤ་ཕྲུག་ལུས་རྩལ་རྒྱས་པ་དེས། །
              སྤང་གཤོང་སྐོར་བའི་མཐོང་སྣང་མཚར། །

ཤ་བ་ཤ་ཕྲུག་སྤང་ཐང་གསུམ། །ལས་སྨོན་མཐུན་པའི་དགའ་ཉམས་བྱུང་། ། ༢

༣ མཐུན་རྐྱེན་ཚང་བའི་སློབ་གྲྭ་ནང་། །བྱམས་བརྩེ་ཆེ་བའི་སློབ་དཔོན་ལས། །
   སྙིང་གི་བདུད་རྩི་ཤེས་ཡོན་གྱིས། །ན་གཞོན་བློ་རིག་རྒྱས་ཞིན་ལས། །
               མི་ཚེ་སྐྱོང་བའི་སྤྲོ་ཉམས་ཆེ། །

སློབ་གྲྭ་སློབ་དཔོན་སློབ་ཕྲུག་གསུམ། །མཐུན་ལམ་ཡོད་པའི་གྲུབ་འབྲས་ཨིན། ། ༢


སྤྱི་ལོ་༢༠༡༡ ལོའི་ སློབ་དཔོན་གྱི་ཉིནམ་བརྩི་སྲུང་ཞུཝ་ད་ དུང་རྩེ་སློབ་གྲྭའི་ སློབ་ཕྲུག་ཚུ་ལུ་དམིགས་ཏེ་ སློབ་བསྟན་འཛིན་རྡོ་རྗེ་ ང་བཅས་གཉིས་ཀྱིས་ འཐེན་ཡོད་པའི་ཞབས་ཁྲ་ཨིན།


Tuesday, July 22, 2014

རྫོང་ཁ་འདི་ག་གིས་ལག་ལེན་འཐབ་སྨོ?

༉ སྤྱི་ལོ་༢༠༡༤ ལུ་ ང་གིས་སློབ་དཔོན་འབད་དེ་ ལོ་ངོ་དྲུག་འགོ་བཙུག་དོ་ཡོདཔ་དང་འབྲེལ་ ལོ་ལྔ་གི་ཉམས་མྱོང་དང་
འཁྲིལ་གློག་རིག་ཟེར་མི་འདི་ དུས་ཀྱི་འགྱུར་བ་དང་བསྟུན་ ཤེས་ཡོན་སྤེལ་ཐབས་དྲག་ཤོས་ཅིག་འབད་ ངོས་ལེན་འབདཝ་ཨིན། ད་ཚུན་གློག་རིག་གི་ཐོག་ལས་ རང་གི་ཉམས་མྱོང་དང་ཚོར་བ་བརྗེ་སོར་འབད་ས་བལྟ་སྟེ་ དེ་བཟུམ་གྱི་ཅ་ཆས་བཟོ་བསྐྲུན་འབད་མི་ཚུ་ལུ་ངལ་རངས་དང་ཡིད་ཆེས་ཡང་ལྷག་པར་བསྐྱེད་དེ་ཡོད།

དུས་ཅི་སྤྱི་ཟླ་༥པའི་ནང་ ངེ་གི་ཆ་རོགས་ ཨོ་རྒྱན་རྡོ་རྗེ་ལས་གྲོགས་རམ་ལེན་ཐོག་ ཡོངས་འབྲེལ་གཅིག་གསར་བཟོ་འབད་ཞིནམ་ལས་ དེ་ནང་ལུ་རང་གི་བསམ་འཆར་དག་པ་ཅིག་བཀོད་དེ་ ཟླཝ་ཕྱེད་དང་གསུམ་དེ་ཅིག་སོང་རུང་ དོན་ཡོད་ཀྱི་བསམ་འཆར་བཀོད་ནི་ཕར་བཞག་ ཐ་ན་ཡིག་རིགས་ཚུ་ལུ་དགའ་ཚོར་གྱི་ངོས་ལེན་འབད་མི་ ཕུད་དོ་གཅིག་ཡང་མ་འཐོན་མི་ལུ་བལྟ་བ་ཅིན་
འབྲུག་རྒྱལ་ཁབ་ཀྱི་ རྒྱལ་ཡོངས་སྐད་ཡིག་གི་གནས་ཚད་དེ་དང་ དེ་ལུ་ངོས་ལེན་ཡོད་མེད་ཀྱི་གྲུབ་འབྲས་ངོ་མ་གསལ་སྟོན་
འབདཝ་ཨིན་པས།