Tuesday, June 17, 2014

སྲིད་བློན་ནཱ་རེན་དརཱ་མོ་ཌི་གིས་ཨིང་སྐད་མ་ཤེསཔ་ཨིན་ན?

སྲིད་བློན་ནཱ་རེན་དརཱ་མོ་ཌི་གིས་ཨིང་སྐད་མ་ཤེསཔ་ཨིན་ན?

༉ རྒྱ་གར་རྒྱལ་ཁབ་ཀྱི་སྲིད་བློན་བཅོ་ལྔ་པ་གིས་ སྲིད་བློན་གྱི་གོ་གནས་ཐོབ་པའི་ཤུལ་ལུ་ ཕྱི་རྒྱལ་གྱི་བལྟ་སྐོར་ལས་ དང་པ་ར་འབྲུག་རྒྱལ་ཁབ་ནང་འབྱོན་ནི་འབད་ ཐག་བཅད་གནང་བའི་ལོ་རྒྱུས་ གོཝ་ད་ སྤྱིར་འཛམ་གླིང་གི་མི་མང་གིས་ མགྲིན་གཅིག་དབྱངས་གཅིག་གི་ཐོག་ལས་ ག་ཅི་འབད་ཕྱི་རྒྱལ་བལྟ་སྐོར་ལས་ དང་པ་འབྲུག་ལུ་གདམ་ཁ་བརྐྱབས་དགོཔ་སྨོ? ཟེར་བའི་དྲི་བ་བཀོད་པའི་སྐབས་ ངེ་གི་སེམས་ལུ་ དྲི་བ་སོ་སོ་ཅིག་ཤར་འོང་ཡི།

   ཨིན་རུང་དེ་ལུ་མནོ་བསམ་ ཤུགས་ཅིག་མ་གཏང་པར་ རྒྱ་གར་སྲིད་བློན་གྱི་གཟིགས་སྐོར་གྱི་ལས་རིམ་དེ་ ག་ཅི་བཟུམ་ཅིག་འབད་ མཐར་འཁྱོལ་བྱུང་འོང་ག་ཟེར་སྒུག་སྡོད་ཅི། དབུ་འཕངས་མཐོ་བའི་འབྲུག་གི་སྤྱི་ཚོགས་ནང་ རྒྱ་གར་གྱི་སྲིད་བློན་གྱིས་ 
གསུང་བཤད་གནང་པའི་ལས་རིམ་འདི་ བལྟ་ནི་འགོ་བཙུགཔ་ད་གཅིག་ཁར་ ཧེ་མ་ལས་སེམས་ལུ་ཤར་ཡོད་པའི་དྲི་བ་ སྲིད་བློན་ནཱ་རེན་དརཱ་མོ་ཌི་གིས་ཨིང་སྐད་མ་ཤེསཔ་ཨིན་ན? ཟེར་མི་འདི་གི་ལན་འཚོལ་ནི་འགོ་བཙུགས་ཅི།

  ང་བཅས་ར་འབྲུག་རྒྱལ་ཁབ་ལུ་ཆ་བཞག་པ་ཅིན་ དབང་ཚད་དང་གོ་གནས་ཀྱི་མཐོ་དམན་མེད་ ཤེས་ཡོན་ཡོད་མེད་ཀྱི་ཁྱད་པ་མེད་པར་ ཨིང་སྐད་ཀྱི་ཚིག་གཅིག་ལག་ལེན་འཐབ་ནི་ཡོད་པ་ཅིན་ མི་གི་སྦུག་ལུ་བཟང་ལམ་ལམ་དང་ དེ་ལག་ལེན་འཐབ་མ་ཚུགས་པ་ཅིན་ མི་དེ་འཇོན་སྟངས་རྩ་ལས་མེདཔ་འབད་བརྩི་བའི་ དུས་སྐབས་གཅིག་ཨིནམ་མ་ཚད་ རང་གི་རྒྱལ་ཡོངས་ཁ་སྐད་
ལག་ལེན་འཐབ་མི་དང་ དེ་ཡར་རྒྱས་གཏང་ནི་ལུ་བརྩོན་ཤུགས་བསྐྱེད་མི་ཚུ་ལུ་ སྣང་ཆུང་འབད་རྩིས་བཞག་དོ་ཡོདཔ་ ཁུངས་བཀལ་མི་དགོ་པར་ མིག་གིས་མངོན་སུམ་མཐོང་སར་ཨིན། 

  གོ་གནས་ལས་འབདན་ འཛམ་གླིང་གི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་གཅིག་གི་སྲིད་བློན་དང་ ཡོན་ཏན་ལས་དཔྱདན་ འཛམ་གླིང་ནང་ཡོང་གྲགས་ཅན་གྱི་རྩོམ་བྲིསཔ་ཅིག་གིས་ རང་གི་རྒྱལ་ཁབ་ནང་ལོས་ གཞན་རྒྱལ་ཁབ་ཀྱི་སྤྱི་ཚོགས་ལྷན་ཞུགས་ནང་ རང་གི་ཁ་སྐད་ནང་ གསུང་བཤད་གནང་ས་བལྟ་བ་ཅིན་ རང་གི་ཁ་སྐད་བདག་འཛིན་འབད་ནི་དེ་ག་དེ་ཅིག་གལ་ཆེཝ་ཨིན་ན? སྲིད་བློན་མཆོག་གིས་ འབྲུག་རྒྱལ་ཁབ་ཀྱི་དབུ་འཁྲིདཔ་ཚུ་ལུ་ རང་གི་རྒྱལ་ཡོངས་ཁ་སྐད་བདག་འཛིན་འབད་དགོ་པའི་ སྐུལ་མ་གནང་མི་ལུ་ གོ་གནས་དང་ཡོན་ཏན་མེད་རུང་ རང་གི་ཁ་སྐད་ལུ་བརྩི་བཀུར་དང་གུས་ཞབས་ཚད་མེད་ཡོད་མི་ ཉམས་ཆུང་རང་གིས་ ལག་པའི་མེ་ཏོག་སྙིང་ཁར་སྦྱར་ཏེ་ བཀའ་དྲིན་དགའ་ཚོར་ཞུ་ནི་ཨིན། 

  སྤྱིར་བཏང་འབྲུག་རྒྱལ་ཁབ་ཀྱི་དྲིན་ཅན་གྱི་ཕམ་ འཛམ་གླིང་གི་དབུ་འཁྲིདཔ་ག་ར་གིས་ བསྟོད་པ་རྐྱབ་ས་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ ཞལ་འཛོམས་ལ་སོགས་པ་ཚོགས་པའི་སྐབས་ ཕྱི་རྒྱལ་གྱི་མི་རིགས་ཡོད་རུང་ གསུང་གྲོས་དེ་རྒྱལ་ཡོངས་ཁ་སྐད་ནང་གནང་ཞིནམ་ལས་ སྐད་བསྒྱུར་རྐྱབ་དགོ་པའི་ ཞལ་བཀོད་གནང་པ་གིས་མ་ཚད་ བྱིན་ཅན་གྱི་བཀའ་ཐམ་གནང་ཡོད་རུང་ དེ་ལུ་ང་བཅས་འབྲུག་པའི་དབུ་འཁྲིདཔ་ཚུ་གིས་ བརྩི་བཀུར་ག་དེམ་ཅིག་མཛད་དེ་ཕྱག་ལཱ་གནང་དོ་ག? འགན་འཁྲི་དང་འགན་ཁུར་བསྣམ་མི་རང་རང་སོ་སོའི་ཐུགས་ལས་གསལཝ་མེད།
  
  རྒྱལ་ཁབ་ག་ཨིན་རུང་ དེ་རང་དབང་རང་བཙན་ཡོད་མེད་དེ་ མི་རློབས་མང་ཉུང་ སྟོབས་ཤུགས་ཆེ་ཆུང་ མཐུན་ལམ་ཆེ་ཆུང་ལ་སོགས་པ་གིས་ བལྟཝ་མེན་པར་ རྒྱལ་ཁབ་གཞན་དང་ཐུན་མོང་མིན་པའི་ ཁ་སྐད་ཡོད་མེད་ལུ་བལྟ་དགོཔ་ཨིན། རྒྱལ་ཁབ་གཅིག་གིས་གཅིག་དབང་བཙོང་འབད་རུང་ དམིགས་ཡུལ་ངོ་མ་ ཁ་སྐད་རྩ་མེད་གཏང་ནི་ལུ་ གཞི་བཟུང་མི་ཡང་རྒྱུ་མཚན་དེ་ལས་ཨིནམ་ལས་  ང་བཅས་འབྲུག་རྒྱལ་ཁབ་འདི་ འཛམ་གླིང་རྒྱལ་ཁབ་གཞན་གྱིས་ རང་ལུགས་ལམ་སྲོལ་གྱིས༌ཕྱུག་ཤོས་འབད་ ངོས་འཛིན་འབད་བའི་ དགའ་ཚོར་ལུ་ རང་གི་ཁ་སྐད་འདི་ རང་གིས་རྩ་མེད་གཏང་ནིའི་རྩིས་མ་བརྐྱབ་པ་ཅིན་མི་དྲག་ག?

  རྒྱ་གར་གྱི་སྲིད་བློན་མཆོག་ལུ་ དཔེ་བལྟ་ཞིནམ་ལས་ ཐུགས་རིག་རྣམ་པར་བཀྲ་བའི་ དཔལ་ལྡན་འབྲུག་པའི་སྤྱི་ཚོགས་ཀྱི་འཐུས་མི་གིས་ དབུ་གཙོས་པའི་ འབྲུག་མི་རེ་རེ་བཞིན་གྱིས་ རང་གི་ཁ་སྐད་དེ་རྩ་ཆེན་དང་ སྙིང་ནོར་འབད་རྩིས་ཞིནམ་ལས་ ཡར་བཏང་པའི་རེ་བ་དང་སྨོན་ལམ་ཡང་ལས་ཡང་དུ་ཞུཝ་ཨིན་ནོ།།

Thursday, June 5, 2014

རྒས་ནི་མེད་པའི་བརྩེ་གདུང་།

རྒས་ནི་མེད་པའི་བརྩེ་གདུང་།
༉ དྲན་ཐེང་གཅིག་གི་དབུགས་རིང་ནང་ཤར་བའི་ ལོ་ངོ་དྲུག་གི་ལོ་རྒྱུས་ཀྱི་གཟུགས་བརྙན་ཚུ་ བལྟ་འདོད་པའི་ གློག་གྲོགས་ཚུ་ལུ་ མཐོང་སྣང་རེ་རེ་བཞིན་དུ་སྤྱན་འབུལ་ཞུ་ནི་ཨིན། ཚེ་སྔོན་གྱི་ལས་ཟེར་རུང་ ཚེ་ད་ལྟོའི་བཟའ་སྐལ་ཟེར་རུང་འདྲ་ ང་ཆུང་ཀུ་ཅིག་འབད་སྡོད་པའི་བསྒང་ལས་ སྤྲོ་བ་ཡོད་པའི་ལཱ་འགན་འདི་ རང་ལོ་༢༤ལུ་རྐྱངམ་ཅིག་ལུ་འབད་ནིའི་གོ་སྐབས་ཐོབ་ཅི། སྤྱིར་གྲྭ་
ཚང་གི་རིགས་ལས་ཕར་ སློབ་སྟོན་པའི་འགན་ཁུར་འབག་མི་དང་ སློབ་གྲྭ་ནང་ལས་ཕར་སློབ་དཔོན་གྱི་འགན་ཁུར་འབག་མི་གཉིས་ལུ་ ཁྱད་པ་ཡང་སྦོམ་ར་འདུག།

  སློབ་དཔོན་ཟེར་བའི་མིང་འདི་ བྱིན་རླབས་ཅན་ཅིག་དང་ འགན་ཁུར་ཅན་ཅིག་ཨིནམ་ མི་གཞན་གྱིས་ངོས་ལེན་མ་འབད་རུང་ ང་དང་ང་འདྲ་བའི་སློབ་དཔོན་གྱི་མིང་འབག་མི་ཚུ་ལུ་ ཉམས་མྱོང་གི་ཐོག་ལས་ ཡིད་ཆེས་མ་འབད་ཐབས་མེད་ཅིག་ཨིན་པས། དུས་ཚོད་ངན་པ་ཟེར་ དུས་ལུ་ཁ་བཏང་རུང་འདྲ་ མི་ངན་པ་ཟེར་ མི་ལུ་ཁ་གཏང་རུང་འདྲ་ ད་རེ་ནངས་པ་སློབ་དཔོན་གྱི་འགན་ཁུར་འབག་ནི་འདི་ གནམ་མེད་ས་མེད་ལ་ཁག་གི་གནས་སྟངས་ཅིག་ནང་ལྷོད་ཡོདཔ་ཨིན།

  ཨིན་རུང་ སློབ་དཔོན་གྱི་སེམས་ཀྱི་ནང་ན་ཡོད་པའི་ བྱམས་བརྩེ་ལུ་རྒས་ནི་རྩ་ལས་མིན་འདུག་ཟེར་མི་འདི་ མཁས་པ་སྟོང་གི་
རྒོལ་བ་འོང་རུང་ ང་གིས་ཁས་བླངས་འབད་ནི་ལུ་ཐེ་ཚོམ་མེདཔ་ཡར་སོང་ཡི། ད་རེ་ཚུན་ཚོད་ང་གིས་ སློབ་ཕྲུག་སྟོང་ཕྲག་ལས་
ལྷགཔ་དང་ སློབ་དཔོན་བརྒྱ་ཕྲག་ལས་བཅད་ འབྲེལ་བ་འཐབ་བསྟཝ་ད་ སློབ་དཔོན་གྱིས་དུས་ནམ་ཅིག་ཡང་ སློབ་ཕྲུག་མེདཔ་གཏང་ནིའི་མནོ་བསམ་རྩ་ལས་མ་བཏངམ་ཨིནམ་ མཁས་པ་འབུམ་གྱིས་ཞིབ་འཚོལ་འབད་རུང་ གྲུབ་འབྲས་དེ་སྦེ་ར་མ་འཐོན་དཀའ་མེད་ཨིན།

  ངེའི་ཉི་ནུབ་མེད་པའི་སྨོན་ལམ་དང་ བསམ་པའི་རེ་བ་འདི་ སློབ་དཔོན་ཚུ་གི་རྒྱུད་ལུ་ཡོད་མི་བརྩེ་གདུང་གི་ཆུ་མིག་དེ་ དུས་ནམ་ཅིག་ཡང་མ་བསྐམ་པར་ ན་གཞོན་ཚུ་གི་མི་ཚེ་གི་རེ་འདོད་གྲུབ་སྟེ་ མི་ཚེ་མཐར་འཁྱོལ་ཅན་ཅིག་ལུ་འགྱོ་བཅུག་ཟེར་ཞུ་ནི་ཨིན།