Friday, July 25, 2014

བརྒྱུད་འཛིན་གྱི་རྒྱལ་པོར་བསྟོད་པ་སེམས་ཀྱི་རང་མདངས།

༣ འབྲུག་ཡུལ་གྱི། །རྒྱལ་ཁབ་ནང་།  །ཆོས་ལྡན་གྱི། །རྒྱལ་པོ་བཞུགས། །

༤ བརྒྱུད་འཛིན་གསེར་ཁྲི། །ལྔ་པར་བྱོན་པའི། །མི་དབང་གེ་སར། །རྣམ་རྒྱལ་དབང་ཕྱུག །

༥ འབྲུག་པའི་མི་སེར་ཚུ། །ཁ་རྗེ་བཟངམོ་ལས་བརྟེན། །རྒྱལ་ཁབ་མཐའ་དབུས་མེདཔ། །ཞབས་ཀྱིས་བཅགས་ཏེ་གནང་། །

༦ འབྲུག་རྒྱལ་བཞི་པའི་ཐུགས་གཏེར། །རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས། །
   འཛམ་གླིང་ཡོངས་ལུ་ཁྱབ་པའི། །མཛད་འཕྲིན་རྒྱས་པ་ལེགས་སོ། །

༧ འབྱུང་བ་བཞི་ཡི་རྐྱེན་ངན་གྱིས། །སྡུག་བསྔལ་མྱོང་པའི་མི་སེར་ཚུ། །
   སྔར་ལས་ལྷག་པའི་གཞིས་ཁྱིམ་དང་། །བཅས་པའི་སེམས་གསོ་གནང་བར་མཛད། །

Thursday, July 24, 2014

མི་དབང་རྒྱལ་བཙུན་གཉིས་ལུ་བསྟོད་པ།

ཐབས་མཆོག་འཇིགས་མེད་རྒྱ་མཚོ་ཆེན་པོའི་ངོགས། །
ཆོས་སྲིད་ལུགས་གཉིས་གེ་སར་རྣམ་པར་རྒྱལ། །
ཙན་དན་ལྗོངས་སུ་འཁོར་ལོས་དབང་ཕྱུག་དུས། །
ཤེས་རབ་རིན་ཆེན་བརྙེས་པའི་དུས་བཟང་ཤར། །

སྔོན་སྨོན་འབུམ་གྱིས་བལྟམས་པའི་རྗེ་བཙུན་མ། །
པདྨའི་མདངས་ཀྱིས་ཡོངས་འཁྱུད་དབང་ཕྱུག་མ། །
ཁབ་ཏུ་བཞེས་པའི་རྟེན་འབྲེལ་ཕུན་ཚོགས་ལ། །
བློན་འབངས་བཀྲ་ཤིས་བདེ་ལེགས་གུས་བཏུད་ཞུ། །

གུས་རྩོམ་དེ་ རྒྱལ་བཙུན་ཁབ་ཏུ་བཞེས་པའི་རྟེན་འབྲེལ་ལུ་ དུང་རྩེ་སློབ་གྲྭ་ལས་ སྐུ་པར་ཕུལ་མི་ལུ་ བྲིས་ཡོདཔ་ཨིན།

ཞབས་ཁྲའི་ཚིག།

༡  ཕུན་ཚོགས་ཉམས་དགའ་སྐྱེད་ཚལ་ནང་། །མེ་ཏོག་མཛེས་པའི་ཟེའུ་འབྲུ་ལས། །
   འཛག་པའི་སྦྲང་རྩི་མངར་བའི་རོས། །བུང་བའི་གཤོག་སྒྲོ་རྒྱས་ཞིནམ་ལས། །
                   ཕྱོགས་བཞིར་འཕུར་བའི་ལྟད་མོ་ཆེ། །

ལྡུམ་ར་མེ་ཏོག་སེར་སྤྱང་གསུམ། །ཕུན་སུམ་ཚོགས་པའི་སྐྱིད་ཉམས་སྐྱོང་། ། ༢

༢ རྩ་ཆུ་འཛོམས་པ་སྤང་ཐང་ལུ། །སྙིང་རྗེ་ཅན་གྱི༌ཤཝ༌མོ༌ལས། །
   དཀར་བའི་འོ་མའི་བདུད་རྩི་གིས། །ཤ་ཕྲུག་ལུས་རྩལ་རྒྱས་པ་དེས། །
              སྤང་གཤོང་སྐོར་བའི་མཐོང་སྣང་མཚར། །

ཤ་བ་ཤ་ཕྲུག་སྤང་ཐང་གསུམ། །ལས་སྨོན་མཐུན་པའི་དགའ་ཉམས་བྱུང་། ། ༢

༣ མཐུན་རྐྱེན་ཚང་བའི་སློབ་གྲྭ་ནང་། །བྱམས་བརྩེ་ཆེ་བའི་སློབ་དཔོན་ལས། །
   སྙིང་གི་བདུད་རྩི་ཤེས་ཡོན་གྱིས། །ན་གཞོན་བློ་རིག་རྒྱས་ཞིན་ལས། །
               མི་ཚེ་སྐྱོང་བའི་སྤྲོ་ཉམས་ཆེ། །

སློབ་གྲྭ་སློབ་དཔོན་སློབ་ཕྲུག་གསུམ། །མཐུན་ལམ་ཡོད་པའི་གྲུབ་འབྲས་ཨིན། ། ༢


སྤྱི་ལོ་༢༠༡༡ ལོའི་ སློབ་དཔོན་གྱི་ཉིནམ་བརྩི་སྲུང་ཞུཝ་ད་ དུང་རྩེ་སློབ་གྲྭའི་ སློབ་ཕྲུག་ཚུ་ལུ་དམིགས་ཏེ་ སློབ་བསྟན་འཛིན་རྡོ་རྗེ་ ང་བཅས་གཉིས་ཀྱིས་ འཐེན་ཡོད་པའི་ཞབས་ཁྲ་ཨིན།


Tuesday, July 22, 2014

རྫོང་ཁ་འདི་ག་གིས་ལག་ལེན་འཐབ་སྨོ?

༉ སྤྱི་ལོ་༢༠༡༤ ལུ་ ང་གིས་སློབ་དཔོན་འབད་དེ་ ལོ་ངོ་དྲུག་འགོ་བཙུག་དོ་ཡོདཔ་དང་འབྲེལ་ ལོ་ལྔ་གི་ཉམས་མྱོང་དང་
འཁྲིལ་གློག་རིག་ཟེར་མི་འདི་ དུས་ཀྱི་འགྱུར་བ་དང་བསྟུན་ ཤེས་ཡོན་སྤེལ་ཐབས་དྲག་ཤོས་ཅིག་འབད་ ངོས་ལེན་འབདཝ་ཨིན། ད་ཚུན་གློག་རིག་གི་ཐོག་ལས་ རང་གི་ཉམས་མྱོང་དང་ཚོར་བ་བརྗེ་སོར་འབད་ས་བལྟ་སྟེ་ དེ་བཟུམ་གྱི་ཅ་ཆས་བཟོ་བསྐྲུན་འབད་མི་ཚུ་ལུ་ངལ་རངས་དང་ཡིད་ཆེས་ཡང་ལྷག་པར་བསྐྱེད་དེ་ཡོད།

དུས་ཅི་སྤྱི་ཟླ་༥པའི་ནང་ ངེ་གི་ཆ་རོགས་ ཨོ་རྒྱན་རྡོ་རྗེ་ལས་གྲོགས་རམ་ལེན་ཐོག་ ཡོངས་འབྲེལ་གཅིག་གསར་བཟོ་འབད་ཞིནམ་ལས་ དེ་ནང་ལུ་རང་གི་བསམ་འཆར་དག་པ་ཅིག་བཀོད་དེ་ ཟླཝ་ཕྱེད་དང་གསུམ་དེ་ཅིག་སོང་རུང་ དོན་ཡོད་ཀྱི་བསམ་འཆར་བཀོད་ནི་ཕར་བཞག་ ཐ་ན་ཡིག་རིགས་ཚུ་ལུ་དགའ་ཚོར་གྱི་ངོས་ལེན་འབད་མི་ ཕུད་དོ་གཅིག་ཡང་མ་འཐོན་མི་ལུ་བལྟ་བ་ཅིན་
འབྲུག་རྒྱལ་ཁབ་ཀྱི་ རྒྱལ་ཡོངས་སྐད་ཡིག་གི་གནས་ཚད་དེ་དང་ དེ་ལུ་ངོས་ལེན་ཡོད་མེད་ཀྱི་གྲུབ་འབྲས་ངོ་མ་གསལ་སྟོན་
འབདཝ་ཨིན་པས།

Wednesday, July 16, 2014

ལོ་ཕྱེད་ངལ་གསོ།

༉ ཚེ་སྔོན༌ལས་ཀྱིས་འབྲེལ་བའི་ཆ་རོགས་དང་། །སྨོན་ལམ་གཅིག་ཁར་བཏབ་པའི་ན་གཞོན་ཚུ། །
 ཞག་པོ་བཅོ་ལྔའི་ངལ་གསོ་རྫོགས་ཞིནམ་ལས། །ལོག་སྟེ་སློབ་གྲྭར་བྱོན་པ་ལེགས་སོ་ཞུ། །

དུས་ཡུན་ཉིན་ཞག་བཅོ་ལྔ་ཟེར་མི་འདི། །དབང་འདུས་ལུང་པའི་རླུང་ཤུགས་དེ་དང་མཉམ། །
སྡོད་ལོང་མེད་པར་འགྱོ་རུང་དུས་ཚོད་དེ། །དོན་དག་ཡོད་པའི་ལཱ་གིས་རྫོགས་ཡོད་ཞུ། །

སློབ་རིམ་བརྒྱད་པའི་སློབ་ཕྲུག་བརྒྱ་དང་བརྒྱད། །སློབ་རིམ་བཅུ་གཅིག་ལྔ་བཅུ་ལྔ་གཅིག་གི། །
ལན་ཤོག་དབྱེ་ཞིབ་རྐྱབ་པའི་དུས་ཚོད་ལུ། །རང་གི་འགན་ཁུར་བརྟག་དཔྱད་འབད་དགོཔ་འཐོན། །


སྤྱིར་གྱིས་ཚེ་སྔོན་བསོད་ནམས་ཆེ་ཆུང་དང་། །ཚེ་འདིར་བརྩོན་འགྲུས་ཆེ་ཆུང་ཁྱད་པར་ལས།།
གྲུབ༌འབྲས༌མི༌འདྲ༌སོ༌སོ༌འཐོན༌དགོཔ༌དེ། །མི་འདོད་ཁས་ལེན་འབད་དགོཔ་ཆོས་ཅིག་ཨིན། །

ཨིན་རུང་ཟླ་གྲངས་བཞི་ལྔ་ཅིག་གི་རིང་། །རང་གིས་གང་ཤེས་བློས་ཕོག་ཡིད་ཕོག་འབད། །
སློབ་སྟོན་འབད་མི་འདི་དང་གྲུབ་འབྲས་གཉིས། །ག་བསྡུར་འབད་ཚེ་ཨ་ཙི་བློ་མ་བདེ། །

གྲུབ་འབྲས་རང་གི་རེ་བ་བསྐྱེད་དོ་བཟུམ། །བྱུང་ནིའི་དོན་ལུ་ག་ཅི་འབད་དགོ་ག །
ཞིབ་འཚོལ་འབད་ཚེ་ཐད་ཀར་ལན་མེད་པའི། །དྲི་བ་མི་འདྲ་སྣ་ཚོགས་སེམས་ལུ་ཤར། །

ཆ་རོགས་ཚུ་དང་ན་གཞོན་གཞན་ཚུ་གིས། །དྲིས་ལན་ཡོད་ན་གློག་ལམ་དེ་བརྒྱུད་དེ། །
ཁུངས་བཤད་བྱས་ནས་དུས་ཡུན་མ་རིང་པར། །བསླབ་བྱ་བཅསཔ་སྦེ་གནང་བའི་རེ་སྨོན་ཞུ། །

འབྲུག་གི་སློབ་ཕྲུག་ཤེས་ཡོན་མཆོག་གྱུར་ལུ། །བཟོ་དགོཔ་ཡོད་ན་ཤེས་རིག་ལམ་ལུགས་ལུ། །
བསྒྱུར་བཅོས་འབད་དགོཔ་འདུག་ག?སློབ་དཔོན་གྱི། །ཕྱག་ལཱ་གནང་སྟངས་བཅོས་ཁ་བརྐྱབ་ནི་སྨོ། །

ན་གཞོན་ཨ་ལོའི་བརྩོན་ཤུགས་ཉུང་སོངམ་སྨོ། །ཕམ་གིས་རྒྱབ་སྐྱོར་རྩ་ལས་མ་བྱིནམ་སྨོ། །
དུས་དང་མ་བསྟུན་ལཱ་འགན་མང་སོངམ་སྨོ། །དེ་ལུ་དབྱེ་ཞིབ་མཐིལ་ཕྱིན་འབད་ཞིནམ་ལས། །

རྒྱབ་སྐྱོར་འབད་མི་འདུག་ག་མནོ་བསམ་བཏང་། །དོན་དག་མེད་པའི་དྲི་བ་ཁ་ཤས་ཅིག །
མ་ཆགས་སེམས་ཀྱི་རི་མོ་ཕྱི་ལུ་ཤར། །འཛོལ་བ་ཡོད་ན་མཁས་པས་བཟོད་པ་བཞེས། །