༉ དབྱིན་ཟླ་༥
པའི་དབྱིན་ཚེས་༢ ལུ་ འབྲུག་རྒྱལ་ཁབ་ཀྱི་སློབ་གྲྭ་ཆེ་ཆུང་མེད་པར་
སློབ་དཔོན་གྱི་ཉིནམ་བརྩི་སྲུང་ཞུ་ནི་ཡོད་དོ་བཟུམ་སྦེ་ སྤྱི་ལོ་༢༠༡༠གྱི་ལོའི་སློབ་དཔོན་གྱི་ཉིནམ་འདི་
ང་བཅས་དུང་རྩེ་སློབ་གྲྭ་ནང་ལུ་ཡང་ རྒྱས་ཤིང་རྒྱསཔ་འབད་བརྩི་སྲུང་འབད་ནིའི་
བཅའ་སྒྲིག་རྐྱབ་མ་ཚད་ ལས་རིམ་འདི་མ་བཏུབ་བཏུབ་འབད་ར་འགྱོ་དོ། ག་ཅི་འབད་ཟེརན་
ང་བཅས་ཀྱི་སློབ་གྲྭ་འདི་ནང་ཡོད་པའི་སློབ་ཕྲུག་ཚུ་ག་ར་ལུ་
དད་པ་དང་དམ་ཚིག་འགྱུར་བ་མེད་པ་ཡོདཔ་མ་ཚད་ སློབ་དཔོན་ཚུ་ཡང་ སྐུ་ན་གཞོནམ་ཙང་ཙ་འབདཝ་ལས་
ལས་རིམ་ག་ཅི་ན་ར་འབད་རུང་ ཧུར་ཐག་འབག་ཐག་འབད་ བཅའ་མར་གཏོགས་དོ་ཡོདཔ་ལས་བརྟེན་ཨིན།
དེ་ཚེ་ཉིནམ་གཅིག་གི་ལས་རིམ་འདི་
སློབ་གྲྭའི་བརྟན་བཞུགས་ཐང་ནང་ དྲོ་པའི་ཐུན་བཏང་ཞིནམ་ལས་ ང་བཅས་ག་ར་སྤྱི་དོན་ཁང་ནང་འགྱོ་སྦེ་
སློབ་རིམ་སོ་སོ་གིས་ རང་ལུགས་ཀྱི་ལས་རིམ་སྣ་ཚོགས་སྤྱན་འབུལ་ཞུཝ་ལས་ ངེ་གི་སེམས་ཡང་
ལས་རིམ་འདི་གི་ཤུལ་ལུ་ དེ་ལས་སྤྲོ་བ་ཆེ་ཏོག་ཏོ་ག་ཅི་བཟུམ་ཅིག་ཕུལ་འོང་ག? ཟེར་བའི་དྲི་བ་བཀོད་ཅི་ར་
ལྟདམོ་འདྲ་མི་འདྲ་ལུ་ཡེངས་སྡོད་པའི་བར་ན། ལས་རིམ་འགོ་འདྲེན་པ་གིས་
སློབ་དཔོན་ག་ར་དང་ སློབ་ཕྲུག་སྤྲོ་བ་ཡོད་མི་ཚུ་གཅིག་ཁར་འབད་ རིག་གསར་གྱི་ཞབས་ཁྲ་ནང་བཅའ་མར་གཏོགས་ཟེར་སླབ་ལས།
ང་ཡང་ སྤྲོ་བའི་སེམས་འདི་གིས་ཁྱིད་དེ་ ཆ་རོགས་ཚུ་གི་གྱལ་ཁར་འཛུལ་སྦེ་ ཞབས་ཁྲ་རྐྱབ་སྡོད་པའི་བསྒང་ར་
དུས་ཨ་རྟག་ར་ང་ལུ་བྱུང་ཡོད་པའི་ སེམས་ཀྱི་ནད་གཞི། རོགས་མི་གཞན་སྤྲོ་སྟོན།
སེམས་བག་ཕེབས་སྡོདཔ་ད་ ངེ་སེམས་གདིང་ལས་སྐྱོ་བ་བྱུང་ནི་འདི་ འགོ་བཙུགསཔ་ལས་
ང་ར་རྐྱངམ་ཅིག་ཟུར་ཅིག་ཁར་ རྐང་ཁྲི་གུ་སྡོད་སྦེ་ མིག་ཏོ་གིས་
སློབ་དཔོན་དང་སློབ་ཕྲུག་ཚུ་སྒྱིམ་ ན་ཟུག་ཅན་གྱི་སེམས་འདི་
ལོ་ཧེ་མ་དགའ་ལྡན་སློབ་གྲྭ་ན་
སློབ་དཔོན་གྱི་ཉིནམ་བརྩི་སྲུང་ཞུ་ཡི་བསྒང་འབད་ཡི་ལཱ་ཚུ་
ཁྲ་ལམ་ལམ་དྲན་ནི་འགོ་བཙུགས་ཅི།
ང་མི་འཛོམས་པའི་སྦུག་ལུ་འཐོན་ནིའི་སྤོབས་ཆེནམོ་ཅིག་ར་མེདཔ་ལས་
སྤྱི་དོན་ཁང་གི་ཟུར་ཁ་ལས་ ག་ནི་བས་ཁག་ཆེ་བའི་ལས་རིམ་ཚུ་ བལྟ་སྡོད་པའི་བར་ན་རང་།
སློབ་རིམ་བཅུ་པ་ཉ་སྡེ་གིས་ ཞབས་ཁྲ༼སྡོད་གནང་མས༽ ཟེར་མི་འདི་
སྤྱན་འབུལ་ཞུ་ནི་འགོ་བཙུགསཔ་ཅིག་ ངེ་སེམས་འདི་གིས་ ཧེ་མ་རྩ་ལས་ར་འབད་མ་མྱོང་པའི་འབད་བཞག་
འཚབ་འཚུབ་གཏང་ མི་གི་གྲལ་ལས་མི་སེལ་ཏེ་ དཀྱིས་ར་སྔོ་ཤོམ་གྱོན། དེ་གུ་འོན་འཇུ་སྔོ་དཀར་དང་
དེ་གི་ཕྱི་ལས་སྟོད་གོ་ཧོནམོ་གྱོན་ཏེ་ མེ་ཏོག་ཨུད་པལ་ཤར་ཤརཝ་བཟུམ་འདི་ལུ་ མིག་ཏོ་ཡང་འཁྱབ་ཤོལ་ཏེ་
བལྟ་སྡོད་སྡོདཔ་ན་ར་ ཁོང་གི་ཞབས་ཁྲ་དེ་མཇུག་བསྡུཝ་ལས་ དབང་ཆེ་བའི་སེམས་འདི་གིས་
ཤ་ཁྲག་གི་གཟུགས་འདི་བང་བཙོང་ཁྱིད་དེ་ སྤྱི་དོན་ཁང་གི་གཡས་ཁ་ཐུག་གི་སྒོའི་རྩ་བར་ལྷོདཔ་ད་
མོ་དང་ཕྱདཔ་ཅིག “ཨ་ཞེམོ་ ཁྱོད་ཀྱིས་ ཞབས་ཁྲ་གནམ་མེད་ས་མེད་ལེགས་ཤོམ་འབད་
རྐྱབ་མས་སྨ་རེ་” ཟེར་ཤོར་སོང་ཡི།
ང་གིས་མོ་ལུ་ཨ་ཞེམོ་ཟེར་མ་སླབ་པ་
ལོ་ག་སྦོམ་རུང་ ང་སློབ་རིམ་དགུ་པ་དང་ མོ་བཅུ་པ་ནང་སློབ་སྦྱོང་འབད་མི་ཅིག་ཨིནམ་ལས་
སླབ་དགོཔ་ཐལ་སོང་ཡི། དེ་ལས་ མོ་གི་ཞལ་འཛུམ་འཇའ་ཆི་ཆི་དེ་ལས་ བཀའ་དྲིན་ཆེ།
ཁྱོད་ཞབས་ཁྲ་རྐྱབ་ནི་མེད་ག? ཟེར་དྲིཝ་ད་ ངནི་མོ་བཟུམ་གྱི་མི་དང་ཆ་
བློ་སླབ་ནི་ཕར་བཞག་ མིག་ཏོ་གིས་ར་བལྟ་བལྟ་བའི་ཉམས་མྱོང་ཅིག་ར་མེདཔ་ལས་
ཡུདཔ་ཐེང་ཅིག་ཧམ་ལུས་པའི་བར་ན་ མོནི་ཆ་རོགས་ཚུ་དང་གཅིག་ཁར་
གོ་ལ་སོར་སའི་ཁྱིམ་ན་ཐལ་སོ་ཡི།
དེ་ལས་ཉི་མ་ཆུ་ཚོད་ཕྱེད་དང་གཉིས་ལུ་
སློབ་ཕྲུག་ཚུ་ལྟོ་ཟཝ་ད་ ང་དང་མོ་གྱལ་ཅིག་ཁར་ཚུདཔ་ལས་ ང་གིས་མོ་གི་མིང་དྲིཝ་ད་
པདྨ་དབྱངས་ཅན་ཟེར་གོཝ་ཅིག་ ངེ་གི་སེམས་ལུ་ བུམོ་ཨུད་པལ་བཟུམ་ལུ་
མིང་པདྨ་ཟེར་ག་ཅི་འབད་བཏགས་ཅི་ག་སྨོ? འེང་ ག་དེ་ཅིག་འབད་མོ་ལུ་
སྟོད་གོ་དམརཔོ་ཅིག་གྱོན་པ་ཅིན་ མེ་ཏོག་པདྨ་ཡང་ ཨ་ནི་བུམོ་འདི་གིས་
ང་ལུ་དེ་ཚུན་ཚོད་འགྲན་ཟླ་འབད་དེ་ཟེར་ ཙིགཔ་ཟ་ནི་བཟུམ་འདུག་ཟེར་ཤརཝ་ད་གཅིག་ཁར་
ང་བཅས་གཉིས་སོ་སོའི་སྐོར་ལས་སླབ་སྟེ་ ཧ་ལམ་སློབ་ཕྲུག་གཞན་ག་ར་འགྱོ་མ་ཚར་ཚུན་ཚོད་སྡོད་སྦེ་
མཇུག་ར་ ནངས་པ་ལས་དུས་ཚོད་སྟོངམ་འཐོན་ད་འཕྱད་ནིའི་ དུས་སྟབས་བཟོ་ཞིནམ་ལས་ཁ་བྱལ་ཡི།
དུས་དེ་ལས་འགོ་བཟུང་ ང་བཅས་གཉིས་
གཅིག་གིས་གཅིག་ལུ་དགའ་ཟེར་བའི་གཏམ་ཅིག་ར་མ་སླབ་པར་
མི་ཚེ་གཅིག་གི་གཏན་གྲོགས་ལས་ལྷག་པའི་བརྩེ་གདུང་བསྐྱེད་དེ་ ཟླ་ངོ་གསུམ་སྡོད་ཅི།
བསོད་ནམས་མེད་པའི་དཔྱལ་བར་སྤུ་མི་སྐྱེ།།སྐྱེ་ར་སྐྱེ་རུ་ཐར་ཐོར་ཅིག།ཟེར་དོ་བཟུམ་
ངེ་གི་ཨ་པ་འདི་ གཞུང་གིས་བཀྲ་ཤིས་སྒང་ཕོངས་མེད་ལུ་གནས་སོར་བཏངམ་ལས་
ང་མོ་ལུ་འགྱོ་ནི་གི་ལོ་རྒྱུས་ཅིག་ར་སླབ་མ་ཚུགས་པར་ ཁ་བྱལ་འོང་དགོཔ་ཐོན་སོང་ཡི།
ངེ་གི་བརྩེ་གདུང་ཡོད་ཚད་མེད་ཚད་བདག་འཛིན་འབད་མི་
པདྨ་དབྱངས་ཅན་འདི་ ད་རིས་ སློབ་གྲྭ་ཆེ་བ་ཅིག་ན་
སློབ་དཔོན་གྱི་ཉིནམ་བརྩི་སྲུང་ཞུ་དོ་འོང་ག? ཡངན་སློབ་རིམ་བཅུ་པ་ལས་མཐར་མ་འཁྱོལ་བ་
བསོད་ནམས་ཅན་གྱི་སྟག་ཤར་གཅིག་གི་ཉི་མའི་ལྟོ་འབད་དོ་འོང་ག?
ཟེར་བའི་དྲི་བའི་ལན་འཚོལ་བའི་བར་ན་རང་
ལས་རིམ་གོ་རིམ་སྒྲིག་མི་སངས་རྒྱས་བསྟན་འཛིན་གྱིས་ “ད་བཅས་ཀྱི་ལས་རིམ་མཇུག་ར་
བཀྲ་ཤིས་ལེགས་དཔལ་ཕུལ་ནི་ཨིནམ་ལས་ ག་ར་བཅའ་མར་གཏོགས་གནང་” ཟེར་སླབ་ས་གོཝ་ལས་
ང་ཡང་མིག་ཏོ་ལུ་མིག་ཆུ་གང་ སེམས་ཁ་ལུ་པདྨ་དབྱངས་ཅན་གྱི་ཞལ་འཛུམ་དྲན་ཡི་ར་
བཀྲ་ཤིས་ལེགས་དཔལ་ན་བཅའ་མར་གཏོགས་ཅི་གོ།།
།།